སྐུ་གཟུགས་བཟང་པོ།

༉ རྫོང་ཁ་སླབ་ཐངས་ཀྱི་ཡོངས་འབྲེལ་འཆར་སྒོ་འདི་ནང་ ཁག་ཆེ་ཏོག་ཏོ་དང་ གོ་ཆོདཔ་ཅིག་ག་ནེ་ཡང་མེད་རུང་། ཐུགས་ཁོམ་བཏོན་ཏེ་གཟིགས་མི་ལུ་ དང་པ་ར་སེམས་ཀྱི་ཧིང་ལས་དགའ་ཚོར་ཡོད།

བར་སྐབས་ཅིག་ལས་ འཛམ་གླིང་ནང་བརྡ་དོན་འཕྲུལ་རིག་གོང་འཕེལ་དང་བསྟུན་ཏེ་ ཤེས་ཡོན་བརྗེ་སོར་གྱི་ལམ་ངོ་མ་ཅིག་ ཡོངས་འབྲེལ་འཆར་སྒོ་ཨིནམ་འདི་ མི་རྣམས་ཀུན་གྱིས་མ་མཁྱེནམ་མེད། འབྲུག་རྒྱལ་ཁབ་ནང་ཡང་ ཨིང་སྐད་ཀྱི་སྐུ་ཡོན་ཡོད་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་གཅིག་ལས་གཅིག་དྲགཔ་སྦེ་བཟོ་སྟེ་ཡོད་མི་འདི་མཐོངམ་ད་ གནམ་མེད་ས་མེད་ངལ་རངས་པས། དེ་འབདཝ་ད་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་མི་ག་མནོ་བ་ཉུང་པའི་ཁར། འདིའི་ནང་ལས་ཡང་གཞུང་གི་ལྷན་ཁག་དང་། ལས་ཁུངས་ཁག་གི་ཡོངས་འབྲེལ་འཆར་སྒོ་ཚུ་ ཆུ་མ་སྐམ་ཅིག་དང་། །ཉ་མ་ཤིཝ་ཅིག ། ཟེར་སླབ་དོ་བཟུམ་ཅིག་ལས་བརྒལ་ཏེ་མིན་འདུག རེམ་གཉིསམ་གིས་ རྫོང་ཁའི་ནང་ཡོངས་འབྲེལ་འཆར་སྒོ་ཆོག་སྒྲིག་བཀལ་ཏེ་བཟོ་རུང་ མཐོང་བསྐྱེད་མི་དེ་དང་འདི་ཨིན་ཟེརཝ་ཅིག་མེདཔ་མ་ཚད། དུམ་གྲ་རེ་གཟིགས་མི་ཚུ་གིས་ཡང་ ཐུགས་འཆར་བཀོད་ནི་མེད་ནི་འདི་གིས་ སེམས་ཕམ་མས།

ད་ལྟོ་ཞུ་དགོ་པའི་དོན་དག་ངོ་མ་འདི་ར་ རྫོང་ཁ་སླབ་ཐངས་སྡེ་ཚན་འགོ་བཙུགས་ཞིནམ་ལས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ ཝི་ཅེཊ་སྡེ་ཚན་ནང་ལུ་ དེ་བསྒང་ལས་སླབ་ནི་ཡོད་པའི་རྫོང་ཁའི་ཚིག་ཚུ་གདོང་ཁར་བཏོན་ཏེ་ ག་ཏེ་མེན་ཚད་གུ་ཏེ་སྦེ་གསུང་གྲོས་གནང་རུང་ དུས་བཞུགས་ལུ་གྲས་ཁར་གཏོགས་མི་ཚུ་གིས་མཁྱེནམ་མ་གཏོགས་ མི་དམངས་ལུ་ཨིན་མས་མནོཝ་ཅིག་བརྡ་ཞུ་མི་ཚུགས་པས། འ་ནེ་སྦེ་ཨིན་ནི་འདི་གིས་ ནཱ་ལས་ཕར་ཕུགས་ ཁ་སྐད་དག་ཤོས་དང་ཕྱེད་དག། རྗོད་སྒྲ་དང་བྱ་ཚིག་གི་འཛོལ་བ་ཡོད་མི་ཚུ་ ཤེསཔ་མཐོངམ་ཚུ་དང་དྲི་ལན་དང་ གསལ་བཤད་ཀྱི་ལཱ་སྐོར་སྒྲིག་མི་འདི་ ཡོངས་འབྲེལ་འཆར་སྒོའི་ཐོག་ལས་སྤེལ་ནི་ཨིནམ་ལས་ ག་ར་གིས་གཟིགས་ནི་ཐུགས་ལས་ཡོལ་མ་སོང་ཟེར་ཞུ་ནི་དང་ ཞོར་ཁར་ཐུགས་འཆར་རེ་བཀོད་དེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན།