མདའ་ལྟོང་དགོན་པའི་ཆགས་རབས།
༉ དཔལ་ལྡན་འབྲུག་པའི་བཀའ་སྲུང་གཙོ་བོ་ མགོན་པོ་ལྕམ་དྲལ་གསུམ་གྱི་གྲས་ལས་ དཔལ་ལྡན་དུད་སོལ་ལྷ་མོའི་ལུང་བསྟན་དང་འཁྲིལ་ཏེ་ འགྲོ་བའི་མགོན་པོ་ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་གིས་ ལྷོ་ལྗོངས་འགྲོ་བའི་དཔལ་ལུ་བྱོན་ནིའི་རྟེན་འབྲེལ་ལུ་ཐུགས་སྨོན་གནང་སྟེ་ བོད་ཡར་འབྲོག་སྣང་དཀར་རྩེ་ལས་ ཕྱག་མདའ་ཡ་གཅིག་གནང་མི་འདི་ སྨན་ལྗོངས་རྒྱལ་ཁབ་འདིའི་ ཐིམ་ཕུག་རྣམ་སྲས་གླིང་གི་གདོང་སྐོར་དང་། དངས་ལུང་གཡུས་ཚན་གྱི་ལྟག་ལུ་ རིའི་སྤྱི་ཏོ་གུར་ལས་འགྱེལ་ཏེ་ རྡོ་ཀྱོང་ལ་གུར་རེག འདི་ན་ལས་སྦེ་སྟོདཔ་ལུང་འགྱམ་འོག་མ་ དཔལ་བཟང་བུ་ཁྲིད་ཀྱི་ ཁྱིམ་གྱི་ཨེ་ཁུ་གུར་ཕོག་ཡོདཔ་ཨིན་མས། མདའི་ལྟོང་རེག་སའི་ས་ཁོངས་སྒང་ཉེ་འཚམས་ཅིག་སྦེ་ཡོད་མི་འདི་ནང་ ཡོངས་འཛིན་ངག་དབང་གྲགས་པ་གིས་མཆོད་རྟེན་ཅིག་བཞེངས་གནངམ་མ་ཚད། འདི་ནང་ལས་མདའ་རྒྱང་གང་ལྷགཔ་ཅིག་གི་འོག་ལུ་ གདན་ས་བཅགས་ཏེ་ ལྷ་ཁང་གི་མཚན་ཡང་མདའ་ལྟོང་དགོན་པ་ཟེར་བཏགས་གནང་ནུག
ཆོས་རྗེ་རིན་པོ་ཆེའི་ཕྱག་མདའ་གིས་ ན་སྦིས་སའི་ལྟག་ལུ་ལ་གུར་ཕོག་ནི་འདི་གིས་ ས་གོ་གི་མིང་ཡང་ན་སྦི་ལྟོང་ཉིང་ཟེར་དར་ཁྱབ་སོང་ཡོད་རུང་ སླབ་སྲོལ་ཅིག་ལས་ཨིན་པ་ཅིན་ ད་རེས་ནངས་པ་རྡོ་ཀྱོང་ལ་ཟེར་མི་འདི་ ཤུལ་ལས་མིང་གི་ཟུར་ཉམས་སོངཔ་མ་གཏོགས་ ཧེ་མ་བླ་མ་འབྲུག་པ་ཀུན་ལེགས་ཀྱི་ཕྱག་མདའ་ ལའི་སྤྱི་ཏོ་གུར་རེག་ཡོདཔ་ལས་ མདའ་ལྕགས་ལ་ཟེར་སླབ་སྲོལ་འདུག་ཟེར་ཨིན་མས། འ་ནེ་སྦེ་འབད་ནི་འདི་གིས་ གཞོན་ཅུང་ཚུ་གིས་བརྟག་དཔྱད་གནང་དགོཔ་འདུག ང་བཅས་རའི་སླབ་སྲོལ་ལུ་ཡང་ མདའ་ལྟོངཔ་དང་འགྱན་ཏེ་འཆམ་མ་རྐྱབ། །མཚམས་བྲགཔ་དང་འགྱན་ཏེ་རྔ་མ་བརྡུང་། །སྤྱི་ཞིངཔ་དང་འགྱན་ཏེ་དུང་མ་འཕུ། །སྤ་གརཔ་དང་རྒྱན་ཏེ་ཆོས་མ་ལྷག །ཟེར་སླབ་དོ་ཡོད་མི་དེ་ཡང་ མདའ་ལྟོང་དགོན་པར་ གཏེར་ལས་བྱོན་མི་ཤཝ་གི་ཞལ་འབགཔ་ཅིག་ཡོད་ནི་འདི་གིས་ཨིན་པས།
ལོ་ངོ་གཉིས་ཀྱི་བར་ན་ཚར་རེ་ ཚེས་བཅུ་མཇལ་ཁ་གནང་སྲོལ་ཡོད་མི་འདི་ རྒསཔ་དང་རྒནམ་གཉིས་ཀྱིས་ཆབ་སྦྱོར་བའི་ཚུལ་བསྟན་སྲོལ་ཡོད་རུང་ བར་སྐབས་ཅིག་ལས་ ཁྲོམ་འཛོམས་སར་ དེ་སྦེ་འབད་ནི་འདི་མི་བཏུབ་པས་ཟེར་བཞག་དཔ་ལས་ དེའི་ལོ་ལས་གཡུས་འདི་ནང་གི་ཨམ་སྲུ་ཚུ་ལུ་ ཨ་ལུ་ཆགས་ནི་མེདཔ་ལས་ དམངས་མོ་བཏབ་ད་ ཧེ་མ་གི་ལུགས་སྲོལ་ག་ཨིནམ་སྦེ་འབད་དགོཔ་སྦེ་ མོ་ཁར་འཆརཝ་ལས་བརྟེན་ སྔོན་མ་བཟུམ་སྦེ་ར་བརྩི་སྲུང་ཞུ་བའི་ལོ་རྒྱུས་འདུག
གདན་ས་འདི་ཕུ་ལུ་བཅར་སུ་འཚམས་ཅིག་འབད་ནི་འདི་གིས་ འབད་འབད་བཅའ་བཅའ་འབདཝ་ད་ སྟབས་མ་བདེཝ་ལས་ གཡུས་ཚན་གྱི་སྦོ་ལོགས་ཁར་ ལྷ་ཁང་བཞེངས་ནིའི་དོན་ལུ་ མི་སེར་ལས་ ས་ཀོཝ་གང་ལྷང་མི་འདི་ གྱིམ་ཙེ་གིས་ཕྱ་སི་སི་སྦེ་དྲ་ཞིནམ་ལས་ བསྐོར་ར་རྐྱབ་སྤྲིངས་ཏེ་ ནང་ན་ཚུད་མི་ས་ཁོངས་འདི་ནང་ལྷ་ཁང་བཞེངས་གནང་བའི་ལོ་རྒྱུས་འདུག།
ཁུངས་སྐྱེལ་མི་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཚོགས་ཆུང་གི་འཐུས་མི་ དཀོན་མཆོག་ཚེ་རིང་།
ཐུགས་ཁར་བསྣམ་དགོཔ།
ལྟག་ལུ་བཀོད་དེ་ཡོད་མི་འདི་ ཁུངས་དག་ཏོག་ཏོ་དང་ མཐའ་དཔྱད་ཞུན་དག་འབད་འབདཝ་མེན་རུང་། མཁས་མཆོག་དང་ ཐུགས་རྒྱུས་ཡོད་མི་ཆ་ཁྱབ་ཀྱིས་ བཅོ་ཁ་རྐྱབ་སྟེ་གནང་འོང་མནོ་བའི་རེ་བ་བསྐྱེད་དེ་ཕུལ་ཕུལཝ་ཨིན།