ད་ལས་ཕར་གྱི་ལཱ་སྐོར།
རྫོང་ཁ་སླབ་ཐངས་སྡེ་ཚན་འགོ་བཙུགས་ཏེ་ མི་ལོ་༧ ལྷགཔ་ཅིག་སོང་པའི་ཤུལ་ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་འདི་ གྲོས་སྟོན་ལས་སྡེ་སྦེ་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ སྐབས་སུ་བབ་པའི་གཏམ། །དུས་སུ་བབ་པའི་ཆརཔ། །ཟེར་སླབ་དོཝ་བཟུམ་སྦེ་ ཧེ་མ་བ་ལྷགཔ་སྦེ་ མི་སྡེ་ལུ་ཞབས་ཏོག་ཚད་ལྡན་སྦེ་ཞུ་ཚུགས་ནི་དང་། ད་ལས་ཕར་འབད་དགོཔ་བཅའ་དགོཔ་ལེ་ཤ་ཡོད་མི་ཚུ་ གཅིག་གིས་གཅིག་ལུ་ཧེང་འཕུལ་ཏེ་མ་སྡོད་པར་ མགྱོགས་སུ་ཅིག་སྦེ་བཏགས་ས་བཀལ་ནི་ལུ་ དམིགས་གཏད་བསྐྱེད་དེ་ཨིན།
ད་རེས་ནངས་པའི་གནས་སྟངས་ལུ་ཆ་དཔག་སྟེ་ལྟཝ་ད་ རྫོང་ཁ་འབྲི་ལྷག་ད་ཕྱདཔ་ད་ སླབ་ནི་འདི་འཇམ་ཏོང་ཏོ་འཚམས་ཅིག་སྦེ་བརྩིས་དོཝ་ཨིན་རུང། དབངམོ་ཚངམ་སྦེ་སླབ་མི་ཉུང་ར་ཉུང་པས། རྫོང་ཁ་ཕྱེད་དག་ཀོ་དག་སྦེ་སླབ་རུང་ དེ་འཕྲལ་ལས་བཅོས་ཁ་རྐྱབ་བྱིན་མི་ག་ཡང་མེད་ནི་འདི་གིས་ ཧེང་སྐལ་ར་ཁ་སྐད་ལུགས་ལུགས་གཞི་དར་ཁྱབ་གཏང་ནི་ལུ་གནོད་པ་བྱུངམ་ཨིན་མས། འ་ནེ་ཨིན་ནི་འདི་གིས་ ད་ལས་ཕར་རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་ལས་སྡེ་གིས་ ཞབས་ཏོག་ག་ཅི་ར་ཕུལ་ནི་ཨིན་ན་འོག་ལུ་བཀོད་དེ་ཡོད།
དང་འདོད་ཡོད་མི་དང་ འདིའི་ནང་ལས་གཞོན་ཅུང་ཚུ་གིས་ རྫོང་ཁ་ཕྱེད་དག་སྦེ་མིན་པ་ སྒྲ་དག་སྤུས་དག་སྦེ་སླབ་ཚུགསཔ་བཟོ་ནི།
རྫོང་ཁ་ངག་གཤིས་མ་ཤེས་ཚུན་སྟོན་བྱིན་ནི།
འཕྲལ་ཉེ་བ་སླབ་དགོ་པའི་ རྫོང་ཁའི་མིང་ཚིག་ཚུ་ རྗོད་སྒྲ་དག་ཏོག་ཏོ་སྦེ་སླབ་ཚུགས་བཟོ་ནི།
དར་ཁྱབ་མེད་པའི་དཔྱེ་གཏམ་དང་ དེ་ཚུ་བློ་གི་བར་ན་ཤབ་སྟེ་སླབ་ཐངས་སྟོན་ནི།
འགོ་བཙུགས་ཐངས་དང་མཇུག་བསྡུ་ཐངས་ བར་ན་དཔྱེ་གཏམ་དཔྱེ་དོན་སྒྲིག་ཏོག་ཏོ་སྦེ་བཙུགས་ཏེ་ གསལ་བཤད་འབད་ཐངས་སྟོན་བྱིན་ནི།
གཞན་ཡང་རྫོང་ཁའི་ཤེས་ཡོན་ཁ་སྐོང་དང་འབྲེལ་བའི་ ཞབས་ཏོག་ག་ཅི་་བཟུམ་ར་བཞེས་དགོ་རུང་ དུས་ཚོད་ཁར་ཀྲིག་ཀྲི་སྦེ་ཕུལ་ནི་ཨིནམ་ལས་ ཐུགས་འདོད་ཡོད་མི་དང་། འདིའི་ནང་ལས་ཨ་ལུ་གི་ཕམ་ཚུ་གིས་འབྲེལ་བ་མཛད་གནང་།