དབང་འདུས་ཕོ་བྲང་གི་སློབ་གྲྭ་ག་ར་ལུ་དཔེ་དེབ་བཀྲམ་ཡོདཔ།

༉ རང་ལུགས་འདས་ལོ་༣༧༡ ཟླ་༧པའི་ཚེས་༡༣ལས་འགོ་བཙུགས་ཏེ་ཉིནམ་༣གྱི་རིང་ལུ་ རྫོང་ཁ་སླབ་སྡེ་ཚན་གྱི་ཁྲི་འཛིན་གྱིས་འགུཔ་བཀལ་ཏེ་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་སློབ་གྲྭ་ཚུ་ནང་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་བཀྲམ་ཚར་ཏེ་ཡོདཔ་ཨིན།

དེ་ཡང་ཤེས་རིག་གཙོ་འཛིན་འགོ་དཔོན་གྱིས་འགུཔ་བཀལ་ཏེ་ དབང་འདུས་རྫོང་ཁག་འོག་གི་ རྒེད་འོག་༡༥གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དབུ་འཛིན་ཚུ་ཞལ་འཛོམས་འཚོགས་སར་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཁྲི་འཛིན་གྱིས་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་འདི་རྩོམ་སྒྲིག་འབད་དགོ་པའི་ཁུངས། ག་དེ་སྦེ་འབད་ཡི་ག། ད་ལས་ཕར་ག་ར་གིས་རབ་རུབ་གཏང་སྟེ་ ག་དེ་སྦེ་འབད་དགོཔ་ཡོདཔ་ཨིན་ན་གི་སྐོར་ལས་གསལ་བཤད་ཕུལ་ཡོདཔ་མ་ཚད། ཁྲི་འཛིན་དང་ཚོགས་ཆུང་གི་འཐུས་མི་ཚུ་གིས་ སློབ་གྲྭ་རེ་རེ་བཞིན་གྱི་དབུ་འཛིན་ཚུ་ལུ་ དཔེ་དེབ་འདྲ་གསུམ་རེ་ཕུལ་ཡི།

ད་ལས་ཕར་དཔེ་དེབ་འདི་ སློབ་གྲྭའི་དཔེ་མཛོད་ནང་བཞག་ནི་ཨིན་རུང་ དང་འདོད་ཡོད་མི་སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ལྷག་ཚུགས་ནི་ཨིནམ་མ་ཚད་ རྫོང་ཁ་སློབ་དཔོན་ཚུ་གིས་ སློབ་སྟོན་ཐབས་ཤེས་ཐོག་ལས་ དེ་བསྒང་གི་རྫོང་ཁའི་མིང་ཚིག་ཚུ་དར་ཁྱབ་གཏང་བའི་རེ་བ་བསྐྱེདཔ་ཨིན།

Leave a Reply

Your email address will not be published. Required fields are marked *