༉ འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ བྲི་ནིའི་ཐད་ཁར་ ཧེ་མ་དང་ཕྱདཔ་ད་ ཡར་རྒྱས་སོང་སྟེ་ཡོད་རུང་ ཁ་སྐད་གཞན་དང་སླ་བསྲེས་དང་ མིང་ཚིག་གསརཔ་བཟོ་སྟེ་སླབ་ནི་དེ་ཡང་དར་ཁྱབ་སོང་སྟེ་འདུག།
ཨིན་རུང་མི་དབང་ཡབ་སྲས་ཀྱི་ཐུགས་དགོངས་དང་ རྒྱལ་ཡོངས་ཀྱི་དམིགས་དོན་འགྲུབ་ཐབས་ལུ་ཤུགས་བཏོན་དགོཔ་མ་ཚད། མིའི་སེམས་རྒྱུད་དང་འབྲེལ་བའི་ཁྱད་ཆོས་བཟངམོ་ དང་ཕུ་དུས་རྒྱས་ལས་ རང་གི་མི་རིགས་ནང་འཁོད་ལུ་ གོམས་གཤིས་ཚུད་ཡོད་མི་ཚུ་ག་ར་ གཞི་རྟེན་གཙོ་བོ་སྐད་ཡིག་ལུ་བརྟེན་ཏེ་གནས་དགོ་ནི་འདི་གིས་ རང་གི་རྒྱལ་ཡོངས་སྐད་ཡིག་ལུགས་ལུགས་གཞི་བདག་འཛིན་འཐབ་ནི་འདི་ རྒྱལ་ཁབ་ག་ཏི་ར་ཨིན་རུང་ གཞུང་དང་མི་སེར་ག་ར་གིས་ རང་གི་སེམས་ཀྱིས་ཚོར་ཏེ་འབད་དགོ་པའི་ འགན་ཁུར་ངོ་མ་ཅིག་ཨིན།
དེ་འབད་ནི་འདི་གིས་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ ལོ་ངོ་ལྔ་ལྷགཔ་ཅིག་གི་བར་ན་ དོན་ཚན་སྣ་ཚོགས་ཀྱི་ཐོག་ལུ་ གྲོས་བསྡུར་རྒྱས་ཤིང་རྒྱསཔ་སྦེ་འབད་དེ་ཡོད་པའི་ མིང་ཚིག་དང་ཚིག་སྦྱོར་ཚུ་ག་ར་ རྫོང་ཁའི་མཁས་མཆོག་ཚུ་འཚོལ་ཞིནམ་ལས་ དབྱེ་བ་མ་བཏུབ་བཏུབ་སྦེ་དཔྱད་དེ་ དཔེ་དེབ་སྦེ་བཏོན་ཡོད་མི་འདི་ དུས་ཅུ་དཔལ་འབྲུག་པ་རིན་པོ་ཆེ་ སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་གིས་ འབྲུག་ལུ་ཆོས་སྲིད་བསྟན་པའི་རྩ་བ་ དགེ་འདུན་གྲྭ་ཚང་གཞི་བཙུགས་མཛད་དེ་ མི་ལོ་༤༠༠ འཁོར་བའི་དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ འགོ་འབྱེད་མཛད་ནི་ཨིན།