སྐད་ཡིག་ཉག་རྐྱང་།
༆རྒྱལ་ཡོངས་ཚོགས་འདུ་ཆེནམོ་ནང་ གསུང་གྲོས་གནངམ་ད་ རྫོང་ཁ་ནང་སྦེ་གནང་མི་འདི་ རྒྱལ་ཡོངས་སྐད་ཡིག་ལུ་ དག་སྣང་དང་བརྩི་མཐོང་ཡོད་པའི་བརྡ་མཚོན་ཨིན་མས།
མ་གཞི་རྫོང་ཁ་དེ་ རྒྱལ་ཡོངས་ཀྱི་ ངོ་རྟགས་གཙོ་བོ་ཅིག་དང་ འབྲུག་པའི་ལམ་སྲོལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཨིན་རུང་། འབྲུག་མི་མང་ཤོས་ཅིག་གིས་ར་ ཕྱིའི་ཁ་སྐད་ལུ་ གཙོ་བོར་བཏོན་ཏེ་ རང་གི་ཁ་སྐད་ལུ་ སྣང་དག་མ་བསྐྱེད་མི་དེ་ལུ་ལྟ་སྟེ་ ཕམ་རྒན་ཤོས་དང་ གཞོན་སྐྱེས་བསོད་ནམས་ཅན་ཚུ་ སེམས་ཕམ་བྱུང་མི་ཡང་ཐང་མེདཔ་འདུག།
སེམས་དགའ་ཤོས་ཅིག་ གཞུང་གསུམ་པ་དབུ་བརྙེས་ཏེ་ གངམ་མ་སོངམ་ཅིག་ཁར་ གཞུང་གི་ཧོངས་ལས་ ཁུངས་ཐུབ་ཀྱི་སྲིད་བྱུས་དང་ བཅའ་ཡིག་ལོགས་སུ་སྦེ་བརྩམས་ཏེ་ རྒྱལ་ཡོངས་སྐད་ཡིག་གོང་འཕེལ་གཏང་འོང་ཟེར་གསུངས་ཏེ་ཡོད་རུང་། ད་ལྟོ་གྲུབ་འབྲས་དེ་དང་འདི་ཨིན་ཟེརཝ་ཅིག་ ག་ནེ་ཡང་མ་འཐོན་ནི་འདི་གིས་ སེམས་ལུ་ངལ་རངས་དང་ ཁ་ལས་བཀའ་དྲིན་དགའ་ཚོར་ཞུ་མི་ཚུགས་ནི་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ རྫོང་ཁ་འབྲི་ལྷག་གི་གཞི་མར་ཉམས་སུ་དང་ མི་ཚུ་གིས་སྤྲོ་བ་བསྐྱེད་མ་བཏུབ་མི་དེ་ འབྲེལ་ཡོད་ལས་སྡེ་དང་ ཨིང་སྐད་ཀྱི་ཤེས་ཚད་ཡོད་མི་ དབང་འཛིན་པ་ཚུ་གིས་ རྫོང་ཁ་གོང་འཕེལ་གྱི་སྲིད་བྱུས་དང་འཁྲིལ་ཏེ་ ཕྱག་ལཱ་ཚུལ་མཐུན་མཛད་མ་བཏུབ་ནི་འདི་གིས་ཨིན་པས་ཟེར་སླབ་མས།
རྒྱལ་བརྒྱུད་རིམ་བྱོན་དང་ འདིའི་ནང་ལས་ཡང་ མི་དབང་འབྲུག་རྒྱལ་༤པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་ཞབས་ལས་ རྫོང་ཁ་གོང་འཕེལ་གཏང་ནིའི་ཐབས་ལམ་ཅིག་ རྒྱལ་ཁབ་ནང་ ཞལ་འཛོམས་ག་ཅི་ར་འཚོགས་རུང་ བཅའ་མར་གཏོགས་མི་ ཕྱི་མི་ཚུ་མེད་པ་ཅིན་ སྤྱི་ཚོགས་ནང་བཟུམ་སྦེ་ གྲོས་བསྡུར་ཚུ་ ཨིན་ཅི་མིན་ཅི་ རྫོང་ཁའི་ཐོག་ལུ་འབད་དགོ་པའི་སྐོར་ལས་ བཀའ་ཐམ་དང་བཅསཔ་སྦེ་བཀའ་ཤོག་གནང་རུང་། དེ་ལུ་དཔང་བཞག་བསྐྱེད་མི་འདི གནམ་ཉིན་མའི་སྐརམ་བཟུམ་ཅིག་ལས་བརྒལ་ཏེ་མིན་འདུག།
སྤྱི་ཚོགས་༢པའི་སྐབས་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་འགོ་འདྲེན་འཐབ་སྟེ་ ལྷན་སྡེ་གསུམ་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་ཡོད་པའི་རྒྱལ་ཡོངས་ཀྱི་གནས་ཚད་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ ནང་འཁོད་ཀྱི་ཞལ་འཛོམས་ཚུ་ རྫོང་ཁ་ནང་ར་འགོ་འདྲེན་འཐབ་དགོ་པའི་འཛིན་སྐྱོང་བཀའ་རྒྱ་བཏོན་ཏེ་ ལག་ལེན་འཐབ་ནི་སྦེ་ ཁས་ལེན་གནང་ཡོད་རུང་ ལོ་རྒྱུས་ཙམ་ཅིག་ལུ་གྱུར་སོ་ཡི།
རྫོང་ཁ་གོང་འཕེལ་གཏང་ནི་འདི་ འབྲུག་པའི་མི་སེར་ཡོངས་ཀྱི་འགན་ཁུར་ཨིནམ་ལས་ རང་སོའི་ཁྱིམ་ནང་ལས་འགོ་བཟུང་ རྫོང་ཁའི་གཞི་འགྱམ་ཚུད་བཅུག་དགོ་པའི་ཁར་ འདིའི་ནང་ལས་ཡང་སློབ་གྲྭ་ཚུ་ནང་འབད་བ་ཅིན་ ཤེས་རིག་ལྷན་ཁག་གིས་ རྫོང་ཁའི་སྟོན་ཚན་ཡར་སེང་འབད་དགོ་པའི་ཁར་ སློབ་དཔོན་ཚུ་ལུ་ རྗོད་སྒྲ་དང་ཧེ་མ་ལས་སླབ་སྲོལ་ཡོད་པའི་རྫོང་ཁའི་མིང་ཚིག་གི་སྦྱང་བ་འབད་བཅུག་སྟེ་ སློབ་ཕྲུག་ཚུ་འཆུན་བཏོན་དགོ་པས།
རྫོང་ཁ་དར་ཁྱབ་གཏང་སའི་ལམ་ཅིག་ གློག་བརྙན་དང་ རྒྱང་བསྒྲགས་དང་རྒྱང་མཐོང་ཚུ་ཨིནམ་ལས་ དེ་ནང་ལཱ་འབད་མི་དང་ ལས་རིམ་ནང་གྲས་ཁར་གཏོགས་མི་ཚུ་གིས་འབད་རུང་ དང་ཕུ་དུས་རྒྱས་ལས་སླབ་ནི་ཡོད་པའི་ རྫོང་ཁའི་མིང་ཚིག་སླབ་དགོ་བདེ་ཏོག་ཏོ་དང་ ཉན་དགོ་མནོ་སི་སི་སྦེ་ཡོད་མི་ཚུ་གི་ཐོག་ལུ་ དྲི་ལན་འབད་ནི་མ་གཏོགས་ གཞན་གྱི་ཁ་སྐད་སླ་བསྲེས་སྦེ་སླབ་ནི་འདི་གིས་ ཧེང་སྐལ་ར་གཞོན་ཅུང་ཚུ་ལུ་ དཔེ་ངན་པ་སྟོནམ་ཨིན་པས།
གབ་འཆེས་ར་ལང་ཤོར་ཐལ་བ་ཅིན་ ད་ལས་ཕར་ལོ་ངོ་བཅུ་ཕྲག་གི་རྒྱབ་ལས་ རྒྱལ་ཡོངས་སྐད་ཡིག་འདི་ ག་མིན་གུ་མིན་ཅིག་ལུ་ལྷོད་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ ད་ལྟོ་དུས་ཚོད་མ་ཕྱིསཔ་ལས་ར་ མི་དབང་མངའ་བདག་རིན་པོ་ཆེ་གིས་ བཀའ་གནང་མི་འདི་སེམས་ཁར་བཞག་སྟེ་ མི་ངོ་རེ་རེ་བཞིན་གྱིས་འགན་ཁྲི་འབག་དགོཔ་འདུག་ཟེར་ཞུ་ནི་ཨིན།